དགོན་པའི་ཆགས་རབས།

༈མི་ལོ་སྟོང་ཕྲག་གཅིག་ལས་ལྷག་པའི་ལོ་རྒྱུས་ལྡན་པའི་གཡུང་དྲུང་ཐར་པ་གླིང་དགོན་ནི་ལ་དྭགས་རྒྱལ་ས་གླེ་ནས་ གཤམ་ཕྱོགས་སུ་ཀི་ལོ་མི་ཊར་༡༡༧་རིང་སེངྒེ་ཁ་འབབ་ཀྱི་གཡས་ཕྱོགས་ན་ཆགས་ཤིང་ལ་དྭགས་ནང་དགོན་པ་རྙིང་ཤོས་གྲས་ཤིག་ཡིན། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བལྟ་ན་ཐོག་མ་དགོན་པ་ཆགས་པའི་གནས་དེ་མཚོ་ཞིག་ཡིན་ཞིང་། གནས་ཡོད་ཚད་ཆུས་གང་ཡོད་པ་དང་། མཚོ་དའི་ཟུར་ཞིག་ན་གད་པ་འབུར་དུ་འཐོན་པ་ཞིག་ཡོད། དགེ་སློང་ཀུན་དགའ་བའི་སློབ་མ་དགྲ་བཅོམ་ཉི་མ་གུང་ཀཤྨིར་ལ་བཞུགས་ཚེ་ཟངས་དཀར་རྒྱུད་ནས་འདིར་ཕེབས། འབུར་དུ་འཐོན་པའི་གད་སྐམ་དེར་ཞུགས་ཏེ་འབྲུའི་ཆབ་གཏོར་སྩལ་ཏེ་མཚོའི་དེའི་ཀླུ་རྣམས་ལ་སྦྱིན་པར་མཛད། དེ་ནས་ཁར་གསིལ

་གྱི་མཚོ་སྨད་ནས་རལ་བས་རིམ་གྱིས་ཆུ་བྲི་སྟེ་ས་གཞི་སྟོང་པར་གྱུར། ཆབ་གཏོར་གྱི་འབྲུ་ལས་གཡུང་དྲུང་གཟུགས་ཀྱི་ལྗང་པ་སྐྱེས་པས་རྟེན་འབྲེལ་བཟང་རྟགས་སུ་གཟིགས་ཏེ་མ་འོངས་པ་ན་མདོ་སྔགས་ཟུང་འབྲེལ་ཅན་གྱི་དགོན་པ་ཞིག་ཆགས་པར་ལུང་བསྟན། དེ་ནས་དུས་རབས་༡༠པའི་ནང་རྒྱ་གར་གྲུབ་ཐོབ་ཆེན་པོ་དཔལ་ནཱ་རོ་པ་༼༩༥༦་་་༡༠༤༡༽གནས་འདིར་ཕེབས་ཏེ་སྒྲུབ་པ་ཉམས་ལེན་མཛད། བྱིན་ཆེན་གྲུབ་ཕུག་དེ་ནི་ད་ལྟ་ཡང་བསོད་ནམས་ཀྱི་གོ་སྐལ་དུ་འགྱུར་བའི་དད་ལྡན་རྣམས་ཀྱི་ཚོགས་གསག་ཏུ་ད་ལྟ་ཡང་མཇལ་རྒྱུ་ཡོད།མངའ་རིས་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་༼༩༥༨་་་༡༠༥༥༽ཡང་གནས་འདིར་ཕེབས་ཏེ་ཕྱོགས་ཕྱོགས་བཞི་དང་དབུས་བཅས་ལ་ལྷ་ཁང་ལྔ་བཞེངས། དེ་རྣམས་ནི་ཁོང་གིས་བཞེངས་པའི་མཆོད་རྟེན་དང་ལྷ་ཁང་༡༠༨བཞེངས་པའི་གྲས་ཤིག་ཡིན། སྔར་དགོན་པ་འདི་ཆོས་ལུགས་འགའ་ཞིག་གིས་འཛིན་སྐྱོང་བྱས་ཡོད་ཀྱངྲ་།         དེང་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་རྒྱུད་འཛིན་སྐྱོང་སྤེལ་གསུམ་གྱིས་སྤྱིར་ཐུབ་པའི་བསྟན་པ་དང་། ཡང་སྒོས་རྒྱལ་བ་འབྲི་གུང་པའི་བསྟན་པ་རིན་པོ་ཆེ་དར་རྒྱས་སྤེལ་གསུམ་རླབས་ཆེན་གྱི་བྱ་བ་བྱེད་བཞིན་པའོ།། དེང་འཚོ་བཞུགས་གྲྭ་བཙུན་གྲངས་༤༠༠ལྷག་ཙམ་ཡོད་ཅིང་། སྔོན་བོད་ལ་དུས་མ་ལོག་སྐབས་འབྲི་གུང་ཐིལ་དང་ཡང་རི་སྒར་ལ་ཕེབས་ཏེ་སློབ་གཉེར་མཛད་མྱོང་བའི་གྲྭ་བ་རྒན་པ་ཁ་ཅིག་ད་ལྟ་ཡང་འཚོ་བཞུགས་ཡོད་པ་དང་།  གྲྭ་གཞོན་གྲས་དེང་ཕྱོགས་མཐའ་ཁར་གཞུང་སྒེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་སོགས་ལ་ཐོས་བསམ་སློབ་གཉེར་མཛད་བཞིན་ཡོད།།

Comments are closed.
Skip to toolbar